Megaphone-in-text-bubble

ཕྱི་ལོ་ ༢༠༢༢ ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན།

མཇུག་སྡོམ་གྲུབ་འབྲས། ཕྱི་ལོ་ ༢༠༢༢ ཟླ་ ༡༡ །

ཕྱི་ལོ་ ༢༠༢༢ དཔྱིད་ཀར། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་ལས་བྱེད་རྣམས་ཀྱི་གཙུག་ལག་སློབ་ཆེན་དུ་ལས་འཁུར་ཞུ་བའི་བསམ་ཚུལ་དང་། མྱོང་བ། སེམས་འཚབ་བཅས་ བསྡུ་རུབ་བྱ་ཆེད་ཕྱི་ལོ་ ༢༠༢༢ ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལས་བྱེད་ཀྱི་ལས་ཀའི་གནས་སྟངས་བསམ་ཚུལ་བསྡུ་ལེན་ཞེས་པ་འགྲེམས་སྤེལ་བྱས་ཡོད། བསམ་ཚུལ་བསྡུ་ལེན་ འདི་དྲ་ཐོག་དང་ཤོག་ངོས་གཉིས་ཀ་ནས་སྐད་ཡིག་དྲུག་གི་ནང་དུ་ཡོད་པ་དང་། མི་དངོས་ངོ་སྐྱོད་བྱེད་མཁན་ལ་རོགས་རམ་སྐད་ཡིག་དྲུག་ཐོག་གོ་སྒྲིག་ཞུས་ཡོད།

ལས་བྱེད་ངོ་གྲངས་ ༦༤༨༠ ཡིས་བསམ་ཚུལ་བསྡུ་ལེན་འདིར་མཉམ་ཞུགས་གནང་ཡོད་པ་དང་། རིག་གནས་ལས་བྱེད་ཚན་པ་དང་གཙུག་ལག་སློབ་ཆེན་ལས་བྱེད་ཚན་པ་ (academic and university staff) གཉིས་ཀ་ནས་ཆ་སྙོམས་ཀྱིས་ལན་འདེབས་གནང་མཁན་ (38%) བྱུང་འདུག

 

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) ལ་སྤྱིར་བཏང་འདོད་བློ་ཁེངས་པའི་གནས་སྟངས། རིས་མེད་སྣ་འཛོམས་དང་ཁོངས་ཚུད། ལས་ཀར་ཡོད་སྐབས་ཀྱི་བདེ་ཐང་། རྒྱང་རིང་ལས་ཀ དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད། ཆགས་སྲེད་བརྙས་བཅོས། ལས་ཀ་བྱ་ཡུལ་དུ་ཉར་འཛིན། སློབ་སྦྱོང་དང་ཡར་རྒྱས་གོང་འཕེལ་གྱི་གོ་སྐབས།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) ལ་སྤྱིར་བཏང་འདོད་བློ་ཁེངས་པའི་གནས་སྟངས།

མི་མང་ཆེ་བ་གཙུག་ལག་སློབ་ཆེན་སྟེང་འདོད་བློ་ཁེངས་པ་བྱུང་འདུག ལས་བྱེད་ཁོངས་ནས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) (73%) དང་རང་གི་ལས་ཀའི་ཐོག་(76%) འདོད་བློ་གང་འཚམས་སམ་རྦད་དེ་ཁེངས་ཡོད་མཁན་བྱུང་འདུག ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ནི་ལས་ཀ་བྱ་ཡུལ་ཡག་པོ་ཞིག་ཡིན་པ་ངོ་སྤྲོད་བྱེད་ཀྱི་ཡིན་ཞེས་བརྗོད་མཁན་ (72%) བྱུང་འདུག

སྤྱིར་བཏང་འདོད་བློ་ཁེངས་པའི་གྲུབ་འབྲས་འདི་དག་ཕྱི་ལོ་ ༢༠༢༡ དབུས་སྲིད་གཞུང་གི་ལས་ཀ་བྱ་ཡུལ་ཡག་ཤོས་ (2021 Best Places to Work in the Federal Government) ཀྱི་བསམ་ཚུལ་བསྡུ་ལེན་གྲུབ་འབྲས་ལ་མཚུངས་བསྡུར་བྱེད་ཆོག ང་ཚོའི་ཐོབ་གྲངས་(100 ནས་ 73.5 ) ཀྱིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ལས་བྱེད་རྣམས་དབུས་སྲིད་གཞུང་ལས་ཁུངས་ཁག་གི་ལས་བྱེད་(100 ནས་ 66) ཚོ་དང་བསྡུར་ན་ཆ་སྙོམས་ཀྱིས་འདོད་བློ་ཆེ་བ་ཁེངས་ཡོད་པ་བསྟན་ཡོད།

རིས་མེད་སྣ་འཛོམས་དང་ཁོངས་ཚུད། (Diversity and Inclusion)

ལས་བྱེད་ཚོར་རང་ཉིད་ཀྱི་སྡེ་ཚན་ནམ་ཡང་ན་ལས་ཀའི་རུ་ཁག་ (work unit) ཐད་ཡོད་པའི་ཚོར་སྣང་རྒྱ་ཁྱབ་ཀྱིས་ཡག་པོ་འདུག ལས་བྱེད་མང་ཆེ་བས་དགའ་བསུ་བྱེད་ཀྱི་འདུག་(77%)དང་། བརྩི་བཀུར་བྱེད་ཀྱི་འདུག(72%)  ཆེ་མཐོང་སྤྲོད་ཀྱི་འདུག(65%)  བདེ་འཇགས་འདུག(90%)  ཁོངས་སུ་བརྩི་ཡི་འདུག(66%)  ཁོ་ཚོ་ཁོངས་མི་ཡིན་པའི་ཚོར་བ་འདུག་ (66%) བཅས་ཀྱི་ཐད་ “ཧ་ཅང་མང་ ” ཡང་ན་ “རྒྱུན་དུ་བྱེད་ཀྱི་འདུག་ ” ཅེས་པའི་ཚོར་སྣང་སླེབས་ཡོད་པ་བཤད་འདུག

ལན་འདེབས་གནང་མཁན་བརྒྱ་ཆ་བཅུ་ཙམ་གྱིས་ཁོ་ཚོའི་སྡེ་ཚན་ནམ་ལས་ཀའི་རུ་ཁག་ནང་དུ་དགའ་བསུ་བྱེད་ཀྱི་འདུག་ (6%)དང་།  བརྩི་བཀུར་བྱེད་ཀྱི་འདུག(8%)  ཆེ་མཐོང་སྤྲོད་ཀྱི་འདུག(12%) བདེ་འཇགས་འདུག(3%)  ཁོངས་སུ་བརྩི་ཡི་འདུག(10%)  ཁོ་ཚོ་ཁོངས་མི་ཡིན་པའི་ཚོར་བ་འདུག་ (10%) བཅས་ཀྱི་ཐད་ “ཁྱོན་ནས་མེད་ ” ཡང་ན་ “ཧ་ཅང་ཉུང་ ” ཅེས་པའི་ཚོར་སྣང་སླེབས་ཡོད་པ་བཤད་འདུག

ལས་བྱེད་ཚོས་ཁོ་ཚོར་མཚོན་ན་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དང་། ཁོ་ཚོའི་སློབ་གྲྭ (school) ། སློབ་གླིང་ངམ་སྡེ་ཁག (college or division) སྡེ་ཚན་ནམ་ལས་ཀའི་རུ་ ཁག་ བཅས་ཀྱིས་རིས་མེད་སྣ་འཛོམས་ཐད་ལངས་ཕྱོགས་ཧ་ཅང་བརྟན་པོ་བཟུང་དགོས་པ་“གལ་ཆེན་ཞེ་དྲགས་རེད་ ” ཡང་ན་ “རྦད་དེ་གལ་ཆེན་རེད་” (85%) ཅེས་བཤད་འདུག  ལས་བྱེད་མང་ཆེ་བས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) (59%) དང་། སློབ་གྲྭ། སློབ་གླིང་ངམ་སྡེ་ཁག(62%) སྡེ་ཚན་ནམ་ལས་ཀའི་རུ་ཁག་(67%) བཅས་ཀྱིས་རིས་མེད་སྣ་འཛོམས་ཐད་ “ལངས་ ཕྱོགས་བརྟན་པོ་ཞེ་དྲགས་འདུག་” ཡང་ན་ “རྦད་དེ་ལངས་ཕྱོགས་བརྟན་པོ་འདུག་” ཅེས་བཤད་འདུག

ལས་བྱེད་མང་ཆེ་བས་ཁོ་ཚོའི་སྡེ་ཚན་ནམ་ལས་ཀའི་རུ་ཁག་ནི་ཕོ་མོའམ་ཡང་མ་ཕོ་མོའི་ངོ་རྟགས་(82%) དང་། ཕོ་མོའི་འདོད་ཕྱོགས (sexual orientation) (87%)། མི་རིགས་སམ་ཡང་ན་རིགས་རྒྱུད(79%)། རྒྱལ་ཁོངས་སམ་ཡང་ན་མི་སེར(84%)། ཆོས་ལུགས་དད་མོས་སམ་ཡང་ན་ལུགས་སྲོལ་གོམས་གཤིས(81%) ། ཆབ་སྲིད་ལྟ་བའམ་ཡང་ན་སྒྲིག་འཛུགས་འབྲེལ་ཁོངས (70%) དབང་པོ་སྐྱོན་ཅན་(77%) བཅས་ལ་བལྟོས་མེད་ཀྱིས་ལས་བྱེད་ཚང་མ་ “ཁོངས་ཚུད་ཞེ་དྲགས་རེད་” ཡང་ན་ “ཁོངས་ཚུད་རྦད་དེ་རེད་” ཅེས་བཤད་འདུག དཔེ་མཚོན་ཁ་ཤས་ནི། ཚབ་མཚོན་ངོ་བོ་ཞན་པའི་རིགས་ལ་ངོས་འཛིན་བྱས་པའི་ལས་བྱེད་རྣམས་ཀྱིས་ཁོ་ཚོའི་སྡེ་ཚན་ནམ་ལས་ཀའི་རུ་ཁག་གི་ཁོངས་ཚུད་གནས་སྟངས་ཚབ་མཚོན་ངོ་བོ་ཞན་པའི་རིགས་ལ་ངོས་འཛིན་བྱས་མེད་པའི་ལས་བྱེད་དང་བསྡུར་ན་ཕལ་ཆེར་བརྒྱ་ཆ་ ༡༠ ནས་ ༡༥ ཉུང་བ་ཡིན་པ་བཤད་འདུག

ལས་ཀར་ཡོད་སྐབས་ཀྱི་བདེ་ཐང་། (Well-Being While at Work)

མི་རིགས་ཀྱི་དབྱེ་བ་མེད་པར་ལས་བྱེད་མང་ཆེ་བས་ཁོ་ཚོ་ལས་ཀར་ཡོད་སྐབས་ཀྱི་བདེ་ཐང་ནི་ “ཡག་པོ་” “ཞེ་དྲགས་ཡག་པོ་” ཡང་ན་ “རྦད་དེ་ཡག་པོ་” (76%) ཡོད་ཅེས་བཤད་འདུག  ལས་བྱེད་ ཀྱི་བཞི་ཆ་གཅིག་ཙམ་གྱིས་ཁོ་ཚོ་ལས་ཀར་ཡོད་སྐབས་ཀྱི་བདེ་ཐང་ནི་ “སྐྱོ་བོ་” ཡང་ན་ “འགྲིག་ཙམ་” ཡོད་ཅེས་བཤད་འདུག་པར། བརྒྱ་ཆ་ 6% གིས་ཁོ་ཚིའི་བདེ་ཐང་ “སྐྱོ་བོ་” ཡིན་པ་བཤད་འདུག

ལས་བྱེད་ཕལ་ཆེ་བས་ཁོ་ཚོའི་ལས་རོགས་(73%) དང་། ཐད་འབྲེལ་ལྟ་རྟོག་པ(70%) ། ཐད་ཀར་སྙན་སེང་ཞུ་ཡུལ་ direct reports (74%) བཅས་ནས་ཁོ་ཚོའི་བདེ་ཐང་ཆེད་དུ་རྒྱབ་སྐྱོར་གནང་སྟངས་ལ་ “འདོད་བློ་ཞེ་དྲགས་ཁེངས་སོང་” དང་ཡང་ན་ “འདོད་བློ་རྦད་དེ་ཁེངས་སོང་” བཤད་འདུག་ནའང་། གོང་རིམ་འགོ་ཁྲིད་ནས་རྒྱབ་སྐྱོར་གནང་གི་ཡོད་ཚུལ་ལ་མོས་མཐུན་མི་བྱེད་མཁན་(42%) རེད་འདུག

རྒྱང་རིང་ལས་ཀ (Remote Work)

ལས་བྱེད་ཕལ་ཆེ་བས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) (54%) དང་།  ཁོ་ཚོའི་སློབ་གྲྭ། སློབ་གླིང་ངམ་སྡེ་ཁག་ (57%) བཅས་ཀྱི་རྒྱང་རིང་ལས་ཀ་བྱེད་ཕྱོགས་སྲིད་ཇུས་ཐོག་ “འདོད་བློ་ཞེ་དྲགས་ཁེངས་སོང་” ཡང་ན་ “འདོད་བློ་རྦད་དེ་ཁེངས་སོང་” ཅེས་བཤད་འདུག མཚན་མཐུན་ LGBTQ+ འམ་ཡང་ན་དབང་པོ་སྐྱོན་ཅན་ཡིན་པར་ངོས་འཛིན་གནང་མཁན་མི་རྣམས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་) གྱི་སྲིད་ཇུས་ལ་འདོད་བློ་ཅུང་ཟད་མ་གཏོགས་ཁེངས་མི་འདུག

དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད། (Hostile or Intimidating Behavior)

སྤྱི་ཡོངས་ནས་ལས་བྱེད་བརྒྱ་ཆ་ 44%  ཡིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་འདས་པའི་ལོ་གསུམ་ནང་དུ་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་མིག་མཐོང་ལག་ཟིན་བྱུང་སོང་ཞེས་བརྗོད་འདུག་པ་དང་། བརྒྱ་ཆ་ 38% ཡིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་འདས་པའི་ལོ་གསུམ་ནང་དུ་བྱ་སྤྱོད་འདི་འདྲ་རང་ངོས་ནས་དངོས་སུ་མྱོང་ཡོད་ཅེས་ བརྗོད་འདུག ཕོ་མོ་གཉིས་ཀ་མ་ཡིན་པ་ (nonbinary) འམ་ལུས་རྟེན་གཞན་པར་ངོས་འཛིན་བྱེད་མཁན་ཚོས་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་མིག་མཐོང་ལག་ཟིན་བྱུང་ཡོད་ཚུལ་མང་དུ་བཤད་སྲིད།

ལན་འདེབས་གནང་མཁན་ལས་བྱེད་སྤྱིའི་ཕྱེད་ཀ་ལས་ཉུང་བ་ཡིས་སློབ་གྲྭའི་ས་ཁུལ་དུ་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་ནི་“ཞེ་དྲགས་” སམ་ཡང་ན་ “རྦད་དེ་” ཚབས་ཆེན་ལ་བརྩི་ཡི་རེད་ཅེས་བཤད་འདུག(44%) ལན་འདེབས་གནང་མཁན་ལས་བྱེད་སྤྱིའི་ཕྱེད་ཀ་ལས་ཉུང་བ་ཡིས་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་ཐད་ལ་བསམ་ཚུལ་བཤད་རྒྱུར་ “བདེ་བོ་ཞེ་དྲགས་འདུག་” སམ་ཡང་ན་ “བདེ་བོ་རྦད་དེ་འདུག་” ཅེས་བཤད་འདུག (41%)

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ཚན་རིག་དང་བཟོ་སྐྲུན་ཇུས་འགོད་སྣེ་ཁྲིད་ཁྱབ་ཁོངས་བུད་མེད་ཞིབ་འཇུག་ལྟེ་གནས་(WISELI) ཀྱིས་བཏོན་པའི་ཕྱི་ལོ་ ༢༠༢༢ དགེ་རྒན་གྱི་ལས་ ཀའི་འཚོ་བའི་ (2022 Study of Faculty Worklife) ཉམས་ཞིབ་གྲུབ་འབྲས་ལྟར་ན། དགེ་རྒན་ཚོས་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་མིག་མཐོང་ལག་ཟིན་བྱུང་བ་(47%) དང་དགྲར་འཛིན་ཞེ་སྡང་ངམ་འཇིགས་སྐུལ་བྱ་སྤྱོད་རང་ངོས་ནས་དངོས་སུ་མྱོང་ཡོད་པ་ (38%) ཅེས་བརྗོད་འདུག

ཆགས་སྲེད་བརྙས་བཅོས། (Sexual Harassment)

ལན་འདེབས་གནང་མཁན་ལས་བྱེད་བརྒྱ་ཆ་དྲུག་གིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་འདས་པའི་ལོ་གསུམ་ནང་དུ་ཆགས་སྲེད་བརྙས་བཅོས་རང་ངོས་ནས་དངོས་སུ་མྱོང་ཡོད་ཅེས་བཤད་འདུག  བུད་མེད་དང་ཕོ་མོ་གཉིས་ཀ་མ་ཡིན་པར་ (nonbinary) ངོས་འཛིན་བྱེད་མཁན་ཚོས་སྐྱེས་པ་དང་བསྡུར་ན་ལྡབ་གཉིས་ཀྱིས་ཆགས་སྲེད་བརྙས་བཅོས་རང་ངོས་ནས་དངོས་སུ་མྱོང་ཡོད་ཚུལ་བཤད་སྲིད།

ལས་བྱེད་མང་ཆེ་བས་སློབ་གྲྭའི་ས་ཁུལ་དུ་ཆགས་སྲེད་བརྙས་བཅོས་ནི་“ཞེ་དྲགས་” སམ་ཡང་ན་ “རྦད་དེ་” ཚབས་ཆེན་ལ་བརྩི་ཡི་རེད་ཅེས་བཤད་འདུག(76%) བརྒྱ་ཆ་ལྔ་བཅུ་ང་གཉིས་ཀྱིས་གལ་ཏེ་མི་ཞིག་གིས་ཁྱེད་ལ་ཆགས་སྲེད་བརྙས་བཅོས་ཀྱི་དཀའ་ངལ་སྐོར་བཤད་ཚེ་ཁྱེད་ཀྱིས་བྱ་རིམ་ཅི་ཞིག་ཡོད་པ་ “ཞེ་དྲགས་” སམ་ཡང་ན་ “རྦད་དེ་” ཡག་པོ་ཤེས་ཀྱི་ཡོད་ཅེས་བཤད་འདུག  བརྒྱ་ཆ་བཞི་བཅུ་ཡིས་བདེ་སྡུག་ཞུ་གཏུག་ཐག་གཅོད་བྱེད་ཕྱོགས་ལ་ནུས་པ་“ཞེ་དྲགས་” སམ་ཡང་ན་ “རྦད་དེ་” ཡོད་པ་བཤད་འདུག

UW–Madison WISELI 2022 Study of Faculty Worklife ཟེར་བའི་ཉམས་ཞིབ་གྲུབ་འབྲས་ལྟར་ན། དགེ་རྒན་ཚོས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་ ཆགས་སྲེད་བརྙས་བཅོས་རང་ངོས་ནས་དངོས་སུ་མྱོང་ཡོད་པ་(5.3%)ཅེས་བརྗོད་འདུག

ལས་ཀ་བྱ་ཡུལ་དུ་ཉར་འཛིན། (Workplace Retention)

ལན་འདེབས་གནང་མཁན་ལས་བྱེད་བརྒྱ་ཆ་ 20% ལས་ཉུང་བ་ཡིས་ཡོང་རྒྱུའི་ཟླ་བ་ ༡༢ ནང་དུ་ཁོ་ཚོའི་ད་ལྟའི་ལས་ཀ་ནས་དགོངས་པ་ཞུ་རྩིས་ “ཆེན་པོ་” འམ་ཡང་ན་ “ཧ་ཅང་ཆེན་པོ་” ཡོད་ཚུལ་ བཤད་འདུག(19%)  གཙུག་ལག་སློབ་ཆེན་ལས་བྱེད་ཚན་པའི་ (University Staff) ལས་བྱེད་མང་པོ་ཞིག་གིས་ཡོང་རྒྱུའི་ཟླ་བ་ ༡༢ ནང་དུ་ཁོ་ཚོའི་ད་ལྟའི་ལས་ཀ་ནས་དགོངས་པ་ཞུ་རྩིས་ “ཆེན་པོ་” འམ་ཡང་ན་ “ཧ་ཅང་ཆེན་པོ་” ཡོད་ཚུལ་བཤད་འདུག(35%)

ཡོང་རྒྱུའི་ཟླ་བ་ ༡༢ ནང་དུ་ཁོ་ཚོའི་ད་ལྟའི་ལས་ཀ་ནས་དགོངས་པ་ཞུ་རྩིས་ “ཆེན་པོ་” འམ་ཡང་ན་ “ཧ་ཅང་ཆེན་པོ་” ཡོད་ཅེས་བཤད་མཁན་རྣམས་ཀྱི་རྒྱུ་མཚན་ནི་བརྒྱ་ཆ་ 64% ཡིས་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ཕྱི་རུ་ལས་ཀ་གཞན་ཞིག་བྱེད་འདོད་ཡོད་པ་དང་། བརྒྱ་ཆ་ 43% ཡིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)དུ་ལས་ཀ་གཞན་ཞིག་བྱེད་འདོད་ ཡོད་པ། ཡང་ན་རྒས་ཡོལ་དུ་འགྲོ་འདོད་ཡོད་པ་(20%) རེད་འདུག ལན་འདེབས་གནང་མཁན་ཚོས་གདམ་ཀ་གཅིག་ལས་མང་བ་འདེམ་ཆོག

ལས་བྱེད་རྣམས་ད་ལྟའི་ལས་གནས་ནས་དགོངས་པ་ཞུ་འདོད་ཀྱི་རྒྱུ་མཚན་ཐུན་མོང་ཁག་ཅིག་ནི་ལས་ཀ་བྱ་ཡུལ་ཁོར་ཡུག་དང་། ལས་ཀ་འཚོ་བའི་སྙོམ་སྒྲིག མནར་གདུང་གནོན་ཤུགས། གླ་ཕོགས། ཐད་ འབྲེལ་ལྟ་རྟོག་པ། ཁེ་ཕན་ཐོབ་ཐང་བཅས་རེད་འདུག འབུམ་རམས་པ་ཐོན་རྗེས་ལས་བྱེད་ (Postdoctoral Staff) ཚོ་ལས་གནས་ནས་དགོངས་པ་ཞུ་འདོད་ཀྱི་རྒྱུ་རྐྱེན་ནི་མ་དངུལ་དང་། གནས་སྤར་ཀྱི་གོ་སྐབས་ཐོབ་མིན། ཡང་ན་བཟའ་ཟླའམ་འདོད་གཅིག་ཟླ་གྲོགས་ (partner) ཀྱི་ལས་ཀའི་གནས་སྟངས་བཅས་རེད་འདུག

གྲུབ་འབྲས་འདི་དག་ནི་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་བརྒྱ་ཆ་ 23% ཡི་ཆ་སྙོམས་ལས་བྱེད་ཉར་འཛིན་ཚད་གཞི་དང་འདྲ་བོ་ཡོད་པ་དང་། དེའི་གྲས་ནས་བརྒྱ་ཆ་ 14%ཡིས་རྒས་ཡོལ་དུ་འགྲོ་བའམ་རྩ་དགོངས་ཞུ་བའི་ཐོག་ནས་ལས་འཁྱུར་བྱེད་པ་དང་། བརྒྱ་ཆ་ 9% ཡིས་གཙུག་ལག་སློབ་ཆེན་ནང་ཁུལ་དུ་ལས་གནས་བརྗེ་རྒྱུ་རེད་འདུག

སློབ་སྦྱོང་དང་ཡར་རྒྱས་གོང་འཕེལ་གྱི་གོ་སྐབས།

ལས་བྱེད་མང་ཆེ་བས་ཁོ་ཚོའི་ལས་ཀར་དོན་སྙིང་འདུག་(67%) ཅེས་དང་། ཁོ་ཚོར་ལས་ཀ་ཡག་པོ་བྱེད་པར་མཐུན་རྐྱེན་འཛོམས་པོ་འདུག་(65%)ཅེས་བཤད་འདུག  ལན་འདེབས་གནང་མཁན་ཕྱེད་ཀ་ཙམ་གྱིས་སློབ་སྦྱོང་དང་ཡར་རྒྱས་གོང་འཕེལ་འགྲོ་བའི་གོ་སྐབས་འདུག་པ་(54%) དང་ལས་འཁུར་ཞུ་ཕྱོགས་ཐད་ཕན་ཐོགས་ཅན་གྱི་བསམ་ཚུལ་འབྱོར་གྱི་འདུག་(48%)ཅེས་བཤད་འདུག

བྱ་རིམ་རྗེས་མ།

གཙུག་ལག་སློབ་གཉེར་འགན་འཛིན་དང་དཔལ་འབྱོར་དང་འཛིན་སྐྱོང་ངེས་སྟོན་པ་གཞོན་པའི་ (Provost and the Vice Chancellor for Finance and Administration) ཡིག་ཚང་ གཉིས་ཀྱིས་ལས་གཞི་འདིའི་ཆེད་དུ་ལས་དོན་མུ་མཐུད་བསྒྲུབ་ཀྱི་ཡོད་པས། ཁོ་ཚོས་གཤམ་འཁོད་རྣམས་རིམ་པས་བསྒྲུབ་ངེས།

  1. གྲངས་འབོར་གཞིར་བཞག་པའི་བསམ་ཚུལ་བསྡུ་ལེན་གྱི་དྲི་བ་ཡོངས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པའི་མཐའ་མའི་སྙན་ཐོ་ཞིག་འདོན་སྤེལ་བྱ་རྒྱུ།
  2. གཞི་གྲངས་རེའུ་མིག་ཅིག་འདོན་སྤེལ་བྱེད་པའི་ལམ་ནས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་མི་དམངས་ཀྱིས་གཙུག་ལག་སློབ་ཆེན་དང་། སློབ་གྲྭ། སློབ་གླིང་། སྡེ་ཁག སྡེ་ཚན་རིམ་པའི་གྲངས་འབོར་གཞིར་བཞག་པའི་བསམ་ཚུལ་བསྡུ་ལེན་གྱི་དྲི་བ་ཡོངས་ཀྱི་གྲུབ་འབྲས་ལ་གཟིགས་ཞིབ་བྱེད་ཐུབ་པ་བཟོ་རྒྱུ། བསམ་ཚུལ་བསྡུ་ལེན་ཁོངས་སུ་མཉམ་ཞུགས་གནང་མཁན་རྣམ་པའི་ངོ་རྟགས་སྲུང་སྐྱོབ་བྱ་ཆེད། རེའུ་མིག་ནང་དུ་མི་སུ་ལའང་ལན་འདེབས་གནང་མཁན་མི་ ༡༠ ལས་ཉུང་བའི་ལན་འདེབས་གྲུབ་འབྲས་སྟོན་འབུལ་མི་བྱེད།
  3. སྤུས་ཚད་གཞིར་བཞག་པའི་བསམ་ཚུལ་བསྡུ་ལེན་གྱི་དྲི་བའི་ལན་འདེབས་རྣམས་ལ་དབྱེ་ཞིབ་དང་ཐུན་མོང་གི་བརྗོད་གཞི་འཚོལ་རྒྱུ།
  4. སློབ་གྲྭའི་ཁུལ་གྱི་འབྲེལ་ཡོད་མི་སྣ་དང་མཉམ་སྤྱོད་དབང་འཛིན་ (shared governance) ཚོགས་པ་ཁག་གི་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་སྐོར་གྱི་བསམ་ཚུལ་ལ་ཉན་རྒྱུ།
  5. སློབ་གྲྭ་དང་། སློབ་གླིང་། སྡེ་ཁག མཉམ་སྤྱོད་དབང་འཛིན་ཚོགས་པ་ཁག་དང་ཟུང་འབྲེལ་ཐོག་ཡར་རྒྱས་གཏོང་དགོས་ས་ངོས་འཛིན་བྱ་རྒྱུ། གནད་དོན་ཁག་ཅིག་གཙུག་ལག་སློབ་ཆེན་ཁྱོན་ཡོངས་ཀྱི་གནད་དོན་ཡིན་སྲིད་པས་དབུས་ནས་འབྲེལ་མཐུད་བྱེད་དགོས་པ་ཆགས་སྲིད། ལས་དོན་ཞུ་སྒོ་ཁག་ཅིག་ནི་སློབ་གྲྭ་དང་། སློབ་གླིང་། སྡེ་ཁག་བཅས་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་སྲིད་པས་ས་གནས་ནས་འབྲེལ་མཐུད་བྱེད་དགོས་པ་ཆགས་སྲིད།།

བསམ་ཚུལ་བསྡུ་ལེན་འདིའི་དམིགས་ཡུལ་དང་བེད་སྤྱོད་བྱེད་ཕྱོགས་ལྟ་བུའི་སྤྱིར་བཏང་གནས་ཚུལ་ཐད་དྲི་བ་ཡོད་ཚེ། བསམ་ཚུལ་བསྡུ་ལེན་འཆར་འགོད་ཚོགས་ཆུང་ལ་གློག་འཕྲིན་  staffclimatesurvey@wisc.edu ཐོག་འབྲེལ་བ་གནང་རོགས།།